Monday, 28 February 2022

Optimistic outlook

 

Positivity

In our life it is natural for most or in fact all of us to be carried away more by the negative side and forces. If we measure power of equal magnitude of negative and positive deeds it is without a doubt that negative weight will outweigh positive. Yet we find some people who are positive and tend to take things positively. Many like and appreciate positive minded people. To illustrate real life example, I heard story from a friend of mine (Let’s say him as Mr. A for confidentiality) whose brother does not talk much. It is sort of awkward for guest to share an accommodation of a night or few. A’s brother would never utter a word; he would lock himself up in his room and would not bother even a smile, let alone words. One day friend of A came to Thimphu for some important work and he recognized silence and seemingly not so hospitable and interactive nature of brother of A. He tried hard to talk to him but could not. His friend told that it is his nature, introverted. When A revealed to him that he would not talk to his relatives, let alone others he was convinced.  One instant he said, “There is nothing good or bad”. That line hit hard to the heart of Mr. A as arrow; it was so touchy to hear yet he pretended as if he did not hear. He halted for almost a week yet he could come to terms with brother of A’s nature. This sort of positivity we must adapt in life.

                        བཟང་པོའི་ལྟ་ཐངས།

ང་བཅས་རའི་མི་ཚེ་ནང་ལུ་ མང་ཤོས་ཅིག་གིས་ར་ ལོག་པའི་མནོ་བསམ་གྱིས་ཕྱག་འབག་ནི་འདི་རང་བཞིན་ཅིག་ཨིན་ཟེར་མནོཝ་མས། གལ་སྲིད་ང་བཅས་ཀྱིས་ རྒྱ་ཆེ་བ་དང་མགོ་ཡངས་པའི་མནོ་ཐངས་འདི་དང་ རྒྱ་ཆུང་བ་དང་ལོག་པའི་མནོ་ཐངས་འདི་སྲང་ཁར་བཏབ་པ་ཅིན་ ལྗིད་འདི་ཐེ་ཚོམ་མེད་པར་ ལོག་པའི་མནོ་ཐངས་འདི་ར་མང་ནི་ཨིན། ཨིན་རུང་ མི་ཚེའི་ནང་ལུ་ མི་ལ་ལུ་ཅིག་ བཟང་ཕྱོགས་དང་མགོ་ཡངས་པའི་མནོ་བསམ་གཏང་མི་འོངམ་ཨིན། ལཱ་ག་ཅི་ར་འབད་རུང་མནོ་བསམ་རྒྱ་ཆེ་དྲག་སྦེ་གཏང་ནིའི་རྩིས་རྐྱབ་མི་ལུ་ག་ར་གིས་དགའ་ནི་དང་རྗེས་སུ་ཡིད་རངས་བསྐྱེདཔ་ཨིན། མནོ་བསམ་མགོ་ཡངས་པའི་དཔེ་ངོ་མ་ཅིག་བཀོདཔ་འདྲཝ་ཅིག་འབདན་ ངོ་མིང་ཨེ་་༼གསང་བའི་དོན་ལུ་ལག་ལེན་འཐབ་ཅི༽ ཟེར་མི་ཅིག་ལུ་ནུ་གཅུང་ ཁ་གནམ་མེད་ས་མེད་སླབ་ནི་མེད་མི་ མི་དང་འབྲེལ་བ་འཐབ་མ་ཤེས་མི་ཅིག་ཡོདཔ་ཨིན་མས། ནམ་ཅིག་གི་ཚེ་ ཨེ་གི་ཆ་རོགས་ཅིག་ལཱ་ཅིག་འཐོན་ཏེ་ཐིམ་ཕུག་ལུ་ཨེ་དང་ཆ་སྡོད་དགོཔ་འཐོན་ནུག། དེ་བསྒང་ཨེ་གི་ཆ་རོགས་ཀྱིས་ ཨེ་གི་ནུ་གཅུང་ལུ་ ག་དེམ་ཅིག་ཁ་སླབ་ནིའི་རྩིས་རྐྱབ་རུང་ སླབ་མ་ཚུགས་པས། ཨེ་གིས་ཁོ་ལུ་ ནུ་གཅུང་གི་རང་བཞིན་ར་དེ་སྦེ་ཨིན། ཁོ་གིས་ཁྱོད་ཆ་ཁྱབ་འདི་ཕར་ར་བཞག་ སྤུན་ཆ་ཚུ་འོང་རུང་ཁ་སླབ་མི་བཏུབ། ཁོ་ལུ་འདི་བཟུམ་གི་རིག་རྩལ་མེད་ཟེར་སླབ་ད་ ཨེ་གི་ཆ་རོགས་ཀྱིས་ ཨེང་ དེ་སྦེ་ཨིནམ་འདྲས་སྦོ་ཟེར་ ཁ་བཟེད་ནུག། ནམ་ཅིག་ཁོ་གིས་སླབ་མི་ནང་ ང་བཅས་ར་ཟོགཔོ་དང་ ལེགས་ཤོམ་ཟེར་མེད་ཟེར་ མགོ་ཡངས་པའི་མནོ་བསམ་ཕྱིར་བཏོན་པའི་ཚེ་ དེ་གིས་ཨེ་གི་དོན་ཧིང་གུ་ཚ་ཐང་ཐ་ མདའ་བཟུམ་ཕོག་རུང་ ཁོ་གིས་གོ་ར་མ་གོཝ་བཟུམ་བཟོ་སྡོད་ནུག། བདུན་ཕྲག་གཅིག་དེ་ཅིག་སྡོད་པའི་མཐར་ ཁོ་གིས་ཨེའི་ནུ་གཅུང་གི་རང་བཞིན་ལུ་རྩིས་མཐོང་བསྐྱེད་དེ་་དེ་དང་འགྲིགཔ་སྦེ་སྡོད་ནུག། ང་བཅས་ར་ག་ར་འབད་རུང་མགོ་ཡངས་ཏོག་ཏོ་ཁོ་བཟུམ་སྡོད་དགོཔ་འདི་ཁག་ཆེ་ནི་མས་ཟེར་མནོ་ཡི།

མི་ཚེ་ནང་དཔེ་བལྟ་སའི་ཡུལ།་My motivations of life

 

སྤྱིར་བཏང་ང་བཅས་རའི་མི་ཚེའི་ནང་ལུ་ རང་གིས་དགའ་མི་དང་དཔྱེ་བལྟ་བཏུབ་མི་ལེ་ཤ་འོངམ་ཨིན། མི་དམ་པ་དང་ཡ་རབས་ཚུ་གི་རྗེས་སུ་འཇུག་དགོཔ་འདི་གནམ་མེད་ས་མེད་ཁག་ཆེ། ངེའི་མི་ཚེ་ ཉི་ཤུ་རྩ་ལྔ་ ཁྲག་ཡར་འཛེགས་པའི་བསྒང་གི་ལོ་རྒྱུས་བཤད་པ་ཅིན་ ང་ལུ་ཡང་དཔྱེ་བལྟ་ས་དང་ ངལ་རངས་སའི་ཡུལ་ལེ་ཤ་ཡོད། དེ་ཚུ་གིས་གྲལ་ལས་གཉིས་ཀྱི་སྐོར་ལས་བཤད་ནི་ཨིན། ང་བཅས་ག་ར་འབད་རུང་ རང་གི་ཕམ་ལུ་མ་དགའ་མི་ གྱངས་ཁ་ཆོདཔ་ཅིག་ལས་མི་འོང་ནི་ཨིནམ་དང་ མང་ཤོས་ཀྱིས་ར་ཕམ་ལུ་རང་བཞིན་གྱི་བློ་གཏད་དང་ཡིད་ཆེས་ བརྩི་བཀུར་སྦོར་སྦེ་ར་འོངམ་ཨིན། མི་ཆོས་གཙང་མ་བཅུ་དྲུག་གི་ནང་ལས་ཡང་ དྲིན་ཅན་ཕ་མ་གུས་ཤིང་བཀུར།། ཟེར་འཐོན་ནི་ཡོད་མི་འདི་ ཕམ་ལུ་ གུས་ཞབས་འབད་དགོཔ་ཁག་ཆེ་ཧིང་ག་དེམ་ཅིག་ཡོད་ག་སྟོན་ཚུགས། ང་བཅས་རའི་ཕམ་གིས་རང་ལུ་སྙན་པའི་མིང་ལས་འབོ།། འཇམ་པའི་གོ་ལ་གྱོན།། བརྩེ་བའི་སེམས་ཀྱིས་སྐྱོང་།། ཟེར་དོ་བཟུམ་དྲིན་གནམ་མེད་ས་མེད་སྦོམ་ཡོད་པའི་ལཱ་འབད་དེ་ཡོདཔ་ལས་ ཕམ་ལུ་དགའ་དགོཔ་གལ་ཆེ། ངེའི་བློ་གཏད་ས་དང་དཔྱེ་བལྟ་ས་མང་པའི་གྲལ་ལས་གཉིས་ ང་རའི་དྲིན་ཅན་གྱི་ཨ་པ་གནས་རྟེན་དང་ཨའི་སྒྲོལ་མ་གཉིས་ཨིན།

ཁོང་གཉིས་ཀྱི་ལོ་རྒྱུས་ང་གིས་ཤེས་ཤེསཔ་ མཐོང་མཐོངམ་ གོ་གོཝ་ཚུ་ཞུ་བ་ཅིན་ ཨཔ་གནས་རྟེན་འདི་ མོང་སྒར་རྒེད་འོག་ཁྲི་དྭངས་སྦིས་ཟེར་ས་ལས་ཨིནམ་དང་ ཨམ་སྒྲོམ་མ་མོ་རང་ གཡུས་དར་དཀར་ན་རྫོང་ཁག་ འབྲུག་རྗེས་སྒང་རྒེད་འོག་  གཡུས་ཐང་ན་ཟེར་ས་ལས་ཨིན་མས། ཁོང་གཉེན་གྲོགས་གཉིས་ཀུ་སེམས་དགའ་སྟེ་ཕྱད་རུང་ ཨཔ་གནས་རྟེན་འདི་ལུ་ སྒྲོལ་མ་གི་ཨའི་ནེ་མོ་ཟེར་མི་འདི་གིས་ མིག་ཁར་བཀལཝ་བཀལ་སར་བཞག་དོ་ཡོདཔ་ཨིན་མས།  གནས་རྟེན་སྒྲོལ་མ་གི་གཡུས་ཁར་སྡོད་པའི་རིང་ ཁོ་གིས་ག་དེམ་ཅིག་ལེགས་ཤོམ་སྦེ་སྡོད་དེ་ ལཱ་མ་བཏུབ་བཏུབ་སྦེ་འབད་རུང་ མིག་ཁར་བཀལ་ཏེ་སྡོད་ནུག། ཚར་གཅིག་འབདཝ་ད་ ལོ་གསར་གྱི་སྐབས་སུ་ཁོ་ཆང་འགྲངས་ཏེ་ ལམ་བདའ་ཁྱིམ་ནང་འོང་པའི་སྐབས་ ལམ་ཁ་ལས་འགྱེལ་ཏ་རྐྱབ་འགྱོཝ་ལས་ ཡར་ལོང་མ་ཚུགས་པར་ཞག་ཡང་དེ་ཁར་ལུས་སོང་ནུག། དྲོ་པ་ཁྱིམ་ནང་ལྷོད་པའི་སྐབས་ ནེ་མོ་གིས་ ག་ཏེ་སྡོད་ཡི་ཟེར་འདྲིཝ་ད་ ཁོ་གིས་ཕྲང་སྟེ་སླབ་མི་ལུ་མོ་བདེན་རྫུན་མ་རེག་པར་ ཤུལ་བལྟ་བར་འགྱོ་བའི་སྐབས་མཐོངམ་ལས་ མོ་ཁོ་ལུ་སློབ་སྲོལ་གཞན་ག་ནི་ཡང་མ་ཐོབ་པས། འདི་བཟུམ་སྦེ་སྒྲོལ་མའི་ཨའི་གིས་ ཁོ་ལུ་མ་དགའཝ་བསྐྱེད་མི་འདི་ག་དེ་སྦེ་ཤེས་ཚུགས་ག་ཟེར་བ་ཅིན་ སྒྲོལ་མ་དང་གནས་རྟེན་ལུ་ ཨ་ལུ་གཉིས་ཚུད་དེ་ཡོད་རུང་ ཡང་ལས་ཡང་དུ་ར་ནེ་མོ་གིས་ སྒྲོལ་མ་གཡུས་ཁར་ལཱ་འབད་བར་ཁྱིད་འབག་འགྱོ་དོ་ཡོད་མི་འདི་ལས་ ཧ་གོ་ཚུགས། སྒྲོལ་མ་གཡུས་ཁར་ཁྱིད་འབག་པའི་སྐབས་ ཨ་ལུ་གཉིས་ཡང་གཅིག་ཁར་འབག་འགྱོ་དོ་ཡོདཔ་ལས་ གནས་རྟེན་ཁོ་རང་གཅིག་སྟོང་ཧུ་ཧུ་སྦེ་ སེམས་འཁྲུལ་སྣང་དང་ དབངམོ་ངལ་པའི་ངང་དུ་སྡོད་དོ་ཡོདཔ་ཨིན་མས། ཁོ་གཉེན་དང་ཨ་ལུ་དྲན་ཏེ་ ཡིག་ཚང་ནང་ལས་ངལ་གསོ་ཞུ་སྟེ་འབྲུག་རྗེས་སྒང་ལུ་སོང་སྟེ་སྒྲོལ་མ་དང་བུམོ་གཉིས་ལོག་ལེན་འོངས་ཏེ་ ཁྱིམ་ནང་བཞག་སྟེ་ཡིད་བག་ཕེབས་ཏོག་ཏོ་དང་སེམས་དགའ་ཏོག་ཏོ་སྦེ་སྡོད་ནིིའི་སེམས་ཡོད་རུང་ འཕྲལ་འཕྲལ་ར་གཡུས་ཁ་ལས་ནེ་མོ་འོངས་ཏེ་ ཨམ་སྲུ་དང་ཨ་ལུ་ཚུ་གཡུས་ཁར་ལོག་ཁྱིད་འབགཔ་ལས་ ལོ་རེ་ནང་མང་ཤོས་ ཁོ་ར་རྐྱངམ་གཅིག་དང་ ཉུང་ཤོས་བཟའ་ཚང་ཚུ་དང་གཅིག་ཁར་སྡོད་ནི་ཐོབ་སྡོད་ནུག།

ཨིན་རུང་ལས་གནམ་བསྐོས་ཀྱིས་ཁོང་གཉིས་ཁ་བྲལ་མ་བཅུག་པར་བཞགཔ་ལས་ ད་ལྟོ་ང་འཛམ་གླིང་འདི་ནང་སྐྱེས་ལོ་དེམ་ཅིག་འགྱོ་ ལྟདམོ་བལྟ་ དགའ་བ་ཉམས་སུ་བླང་ནི་ཐོབ་མི་འདི་ འདི་གིས་འབད་ཨིན། ཁོང་གཉིས་ཀུ་སོ་སོ་སྡོད་དེ་འབད་རུང་ ཐ་དམ་ཚིག་སྟོན་སྡོད་ཡོདཔ་དང་ ནེ་མོ་མོ་ར་ག་དེམ་ཅིག་ཤུགས་ཆེ་སྟེ་འབད་རུང་ སྒྲོལ་མ་དང་གནས་རྟེན་གྱི་ཨ་ལུ་གསུམ་པ་འདི་སྐྱེས་པའི་ཤུལ་ལུ་ མོ་གིས་ སྒྲོལ་མ་གཡུས་ཁར་ཁྱིད་འབག་འགྱོ་ནི་འདི་ཡང་དེམ་ཅིག་སྦེ་བཞག་དགོཔ་ཐོན་ནུག། ཁོང་གཉིས་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་གཅིག་ཁར་སྡོད་ མཐའ་མཇུག་ལུ་ཨ་ལུ་བུ་གསུམ་དང་བུམོ་གསུམ་སྐྱེས་རུང་ བུཚ་བར་ན་སྐོརམ་འདི་ཆུང་ཀུའི་བསྒང་ལས་ར་ཤིཝ་ལས་ ཨ་ལུ་ལྔ་གསོ་ནུག། ཤུལ་ལས་ ཁོ་གཡུས་ཁར་འགྱོཝ་ད་ ནེ་མོ་གིས་ཁོ་ལུ་ཆ་བཞག་ནི་འགོ་བཙུགས་ནུག། ཁོ་གཡུས་ཁར་ལྷོད་ཡོདཔ་དང་མེདཔ་ ཁྱིམ་ཕྱི་ཁར་ཤིང་སྤུངས་ཏེ་ཡོད་མེད་ཀྱིས་ཧ་གོ་ཚུགས་སྦེ་སྡོད་ནུག། གཡོག་ལས་ངལ་གསོ་ཞུ་སྟེ་འོངས་རུང་ ཁོ་གིས་གཡུས་ཁར་ ལཱ་བཞེས་སྒོ་འབད་ནི་དང་། ཞིང་ལཱ་འབད་ནི། གོ་ལ་འཁྱུ་ནི།  ཤིང་འཐུ་ནི་ ལ་སོགས་པ་ཚུ་འབད་དེ་སྡོད་ནུག།

གནས་རྟེན་འདི་མི་གཟུགས་རིང་ཡང་མ་དྲག་ ཐུང་ཀུ་ཡང་མེན་པར་ ཕིཊ་ལྔ་དང་ཨིནཆ་དྲུག་ཡོད་པའི་ཁར་ གཟུགས་ཀྱི་ཤ་མདོག་དཀརཔོ་ཡང་མ་དྲག་ གནགཔོ་ཡང་མ་དྲག་པར་ དམརཔོ་གསེརཔོ་སླ་བསྲེསཔ་བཟུམ་ཡོདཔ་ཨིན། མ་གཞི་ཁོ་སྐྱེས་ས་སྦོམ་ས་ཁྲི་དྭངས་སྦི་ལས་ཨིན་རུང་་གཡུས་ཁར་སྡོད་དེ་ཕམ་ལུ་ཞབས་ཏོག་མངམ་ཞུ་ནིའི་གོ་སྐབས་མ་ཐོབ་པས། ཁོ་སྡོད་ས་དང་ལཱ་འབད་ས་ འདི་དང་འདི་ཁར་ཟེར་གཏན་གཏན་ཅིག་མེད་པར་ གཞུང་གི་བཀའ་རྒྱ་དང་འཁྲིལ་ཏེ་ སྡོད་གནས་སྤོ་ཡི་རང་སྡོད་ནུག། ཁོ་གཡོག་ག་ཅི་ཨིན་ན་གི་སྐོར་ལས་བཤད་དགོ་པ་ཅིན་  ཧེ་མ་གནས་རྟེན་གྱི་སྐབས་ལུ་  གཞུང་གཡོགཔ་དང་ལཱ་འབད་མི་ གཞུང་གིས་བཙག་འཐུ་འབད་དེ་འཐུ་འབག་དོ་ཡོདཔ་ཨིན་མས། འདི་ཚུ་གི་གྲལ་ལས་ཁོང་ཡང་ཅིག་ཨིན་མས། ཁོ་གི་ཨ་པ་འདི་ ཆོསཔ་ཅིག་ཨིན་རུང་  གནས་རྟེན་སྐྱེས་ལོ་ ༡༣ ལངམ་ད་ ཨ་པ་གིས་ཁོ་བཀོ་བཞག་སྟེ་ འཇིག་རྟེན་ཕ་རོལ་ཏུ་ཡར་སོང་ནུག། ཨ་པ་མེད་པའི་ ཨའི་གི་བུ་ཁོ་ར་གཅིག་འབདཝ་ལས་ ཆུང་ཀུའི་བསྒང་རང་ཁུག་སོང་ནུག། ཨ་པ་གྱོངས་པའི་ཤུལ་ལུ་ཁོ་གིས་ཨའི་ལུ་རུབ་ཏེ་སྡོད་ནུག། བར་བར་ཞག་ཨའི་ཁྱིམ་ནང་ ནམ་ཡང་ལྷོད་ནི་མེདཔ་ད་ ཁོ་ཨའི་བསྒུགས་ཏེ་ར་གཉིད་ཐལ་དོ་ཡོདཔ་མས། ཁོ་གི་ཨའི་ཚེ་དབང་བཟང་མོ་འདིནི་ཆང་ག་དེ་ཅིག་འཐུང་རུང་ ཁོ་ལུ་ལྟོ་བྱིན་ནི་འདི་སེམས་ཁ་ལས་མ་བརྗེད་པར་སྡོད་ནུག། མོ་དེམ་ཅིག་ལེགས་ཤོམ་དང་བདག་འཛིན་ཆེ་རུང་ མོ་ཙིགཔ་ཟ་བའི་སྐབས་ལཱ་ཁག་ཡོདཔ་དང་ མོ་གིས་དྲང་བའི་སྐབས་ཤུགས་སྦེ་རྟས་ཐག་བཅག་སག་ས་ར་དྲངས་སྦེ་སྡོད་ནུག། དཔེར་ན་ཨའི་ཕར་ཚུར་འགྱོ་ ཁོ་ཁྱིམ་ནང་སྡོད་དེ་ལཱ་བཀོལ་བཞག་མི་ཚུ་མ་འབད་བར་ཡོདཔ་འདྲཝ་ཅིག་འབདན་ ཨའི་གིས་དྲངས་ཏེ་དྲན་པ་བཙུགས་དོ་ཡོདཔ་མས། ཨིན་རུང་ཁོ་དྲན་པ་འཐེབ་སྟོན་མི་ཅིག་འབདཝ་ལས་ ཚར་གཅིག་དང་གཉིས་ལས་མ་གཏོགས་རྟས་ཐག་མ་ཟ་བས། ཆ་རོགས་ཚུ་ཁོ་གི་ཁྱིམ་ནང་འོངས་ རྩེདམོ་ག་དེམ་ཅིག་རྩེད་གེ་ཟེར་སླབ་རུང་ མ་ཉན་པར་ལཱ་ཚུ་ཀྲིག་ཀྲི་སྦེ་འབད་ ཡུདཔ་ཅིག་ཁ་ལས་རིམ་གྱིས་འབད་སྐྱེས་ལོ་བཅུ་བདུན་ལང་སོང་ནུག། ཁོ་གིས་ ཁྱིམ་ཕྱི་ནང་གི་ལཱ་འབད་ཚུགསཔ་ཐལ་ཏེ་སྡོད་པའི་བར་ན་ གཞུང་ལས་ཡི་གུ་ལྷོད་དེ་ དགའ་སྐྱིད་ཟེར་མི་འདི་མིང་ཙམ་ལུས་ནི་ཨིན་པའི་མཐོང་སྣང་བྱུང་ནུག། ཁོ་གྲ་སྒྲིག་སྦེ་སྡོད་དགོཔ་ཨིནམ་དང་ གལ་སྲིད་བཀའ་རྒྱ་དང་འཁྲིལ་ཏེ་འབོཝ་བཞིན་དུ་འོང་མ་བཏུབ་པ་ཅིན་ ཁྲིམས་སྲུང་འགག་པ་བཏང་སྟེ་བཟུང་འབག་ནི་ཨིནམ་ལས་ དུས་ཚོད་རན་ཏེ་ ཁོ་ཡང་བྱ་ཐབས་གཞན་ག་ནི་ཡང་མེད་པར་ ཧེ་མ་ལས་སྐྱིད་སྡུག་མྱོང་ རྨགཔ་གིས་བཀོ་བཞག་མི་དྲིན་ཆེན་ཨའི་ཡང་ བཀོ་བཞག་སྟེ་འགྱོ་བའི་ཚེ་ སེམས་ཧིང་ལས་ར་ ན་ཟུག་ཕོག་སྟེ་འབད་རུང་ འབད་ཐབས་བཅའ་ཐབས་གཞན་མེད་པར་ གཞུང་གི་བཀའ་བཞིན་འགྱོ་དགོཔ་ཐོན་མི་འདི་ པདྨེ་ཚེ་དབང་བཀྲིས་ཀྱིས་སྒྱུར་ནི་ཡོད་པའི་བློ་ཟེ་ འབག་རི་ལས་ལྕི།། འབོརན་གསེར་ལས་ཕངས།། ཟེར་དོ་བཟུམ་ཨིན་མས།

དེ་ལས་ཁོ་གཞུང་གི་རྩིག་བཟོ་སྦེ་སྦྱོང་བརྡར་ཚུ་ལེན་ ཆོས་རྒྱུགས་ཡང་ཕུལ་ཞིནམ་ལས་མཐར་འཁྱོལ་ཏེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ལམ་སེལ་ལས་ཁུངས་ཀྱི་རྩིག་བཟོ་སྦེ་ལཱ་གཡོག་ནང་བཏང་ནུག། ཁོ་གཡོག་རྐྱབ་རུང་ ཨའི་གི་དྲིན་དང་ཚ་གྱང་ཚུ་ལང་སྟེ་ར་སྡོད་དོ་ཡོདཔ་ཨིན་མས། ཁྲི་དྭངས་སྦིས་ལུ་ཁོ་གི་ཨའི་ལུ་ས་ གནམ་མེད་ས་མེད་སྦོམ་ཡང་མེདཔ་ཨིན་མས། ཁྱིམ་ཆུང་ཀུ་ཡོད་མི་དང་འདིའི་མཐའ་འཁོར་ལུ་ས་ཨ་ཙི་ཅིག་ཡོད་མི་འདི་ཡང་ ཧེ་མ་ཨ་པ་ཡོད་པའི་སྐབས་ ཆོསཔ་ཅིག་འབདཝ་ལས་ གཞན་གྱིི་ཕུལ་ཕུལཝ་གི་ས་ཅིག་ཨིནམ་དང་ ཁོ་ར་ལུ་ས་དང་རྒྱུ་ལེ་ཤ་མེད་མི་འདི་ཡང་ ཆོསཔ་ཅིག་འབད་ནི་འདི་གིས་ མི་རྟག་པ་ཨིནམ་ཧ་གོཝ་ལས་ཨིནམ་འོང་མནོ་ ངེ་གིས་སེམས་ཁར་འཆརཝ་མས། ལཱ་གཡོག་ནང་མ་དགའ་བར་སྡེད་དེ་འབད་རུང་ ཡུདཔ་ཅིག་ལས་ དུས་ཚོད་ཆུ་འགྱོ་དོ་བཟུམ་རིམ་གྱིས་འགྱོ་ཡི་རང་ ཁོ་དྲན་པ་ལྷག་པར་བཏགས་ཏེ་ གཞུང་ལུ་ཕྱག་ལེགས་ཤོམ་ཞུ་ནིའི་ མནོ་བསམ་བཏང་ ལཱ་རྩ་འགེངས་ཏེ་འབད་  དུས་ཚོད་ཐོབ་ད་ར་ཁོ་རའི་ཨའི་ཕྱད་པར་ཁྲི་དྭངས་སྦིས་འགྱོ་  དེ་སྦེ་སྡོད་པའི་བར་ན་ གཉེན་གྲོགས་སྒྲོལ་མ་དང་ཕྱད་ནུག།

ཁོ་གིས་ལཱ་འབད་བའི་སྐབས་སྤྲོ་བ་དང་ བརྩོན་འགྲུས་ཀྱི་སྒོ་ལས་འབད་དོ་ཡོདཔ་ལས་ དྲག་ཤོས་དང་འགོ་དཔོན་ཚུ་གིས་ངལ་རངསམ་མ་ཚད་ ལཱ་བལྟ་མི་དང་བཀོལ་མི་འབད་ཡང་བཞག་སྟེ་སྡོད་ནུག། མཚམས་མཚམས་འགོ་དཔོན་ཚུ་གིས་ བསྟུན་གྲོས་འབད་དགོཔ་འཐོནམ་ད་ ཁོ་ལུ་དྲིས་ཏེ་སྡོད་མི་འདི་ཡང་ ཁོ་གི་ཤ་ཁྲག་ལས་གྲུབ་པའི་བུ་ང་ ངལ་རངས་ཡིད་ཆེས་དང་དཔའ་ཉམས་བསྐྱེད་སའི་གཞི་ཅིག་ཨིན་མས། གཡོག་ནང་འཛུལ་ཏེ་ འཁོར་ལམ་ལེ་ཤ་བཏོན་ཡོདཔ་མ་ཚད་ ཟམ་ཡང་ལེ་ཤ་རྐྱབ་ནུག། གཞུང་གི་ཁྱིམ་ཚུ་ཡང་ལེ་ཤ་རྐྱབ་སྟེ་ རྒྱལ་ཁབ་ཀྱི་རྟེན་གཞི་ཡར་རྒྱས་དང་གོང་འཕེལ་སྦོམ་སྦེ་ར་བཏང་ནུག། ཁོ་གིས་ལཱ་འབད་མི་གི་གྲལ་ཁར་འཛུལ་ཏེ་ ལག་ཁྱེར་དང་ འབྲུག་རྒྱལ་བཞི་པ་ལས་དངུལ་རྐྱང་གི་གསོལ་ར་དང་ དངུལ་ཕོག་ཡར་སེང་ཚུ་ཡང་ཐོབ་ནུག། ཁོ་སྦུངས་ཀྱི་ཡོན་ཏན་ལག་ལེན་འཐབ་སྟེ་གཞུང་ལུ་ ཕྱག་ཞུ་སྟེ་སྡོད་པའི་བསྒང་ས་གནས་སེང་སྒོར་འདི་ཁ་ལས་ ལྷུན་རྩེ་ཨའུ་མཚོ་ཟེར་ས་ལུ་གནས་སོར་བཏང་ནུག། ཨའུ་མཚོ་འདི་ཕྱོགས་བཞི་གངས་རིས་སྐོར་ཏེ་ཡོདཔ་མ་ཚད་ ཤིང་ཡང་སྟོང་ཕུ་ཤིང་གིས་གང་སྟེ་ཡོདཔ་ཨིན། དེ་བསྒང་ཁྱིམ་དང་མི་ སྣུམ་འཁོར་ལེ་ཤ་མེད་པའི་དུས་ཚོད་ཅིག་ཨིནམ་དང་ འཕྲལ་འཕྲལ་ར་ཨའུ་མཚོ་ལས་སྐར་མ་ཤང་ཤོང་ཁ་ཐུག་ལཱ་འབད་བར་འགྱོ་དོ་ཡོདཔ་ཨིན་མས། ནམ་ཅིག་ཁོ་སྐར་མ་ཤང་ཤོང་ལས་ལཱ་འབད་སྦེ་ ཀི་ལོ་མི་ཊར་ གཉིས་ཀྱི་ས་གནས་སྒོར་གན་ཟེར་ས་འགྱོཝ་ད་ ལམ་ཁར་སེམས་ཅན་དོམ་དང་ཁ་ཐུག་རྐྱབ་ནུག། ཁོ་གིས་ཐག་རིང་ས་ལས་བལྟཝ་ད་ཕགཔ་བཟུམ་མཐོང་སྟེ་སྐད་རྐྱབ་ཡར་སོང་ནུག། དོམ་གྱིས་ཁོ་འབད་སར་བདའ་འོང་ཞིནམ་ལས་ ཁོ་དང་འཛིང་བའི་ཚེ་གཉིསཔ་ཆ་ར་བྱག་གུ་ལས་བུད་ནི་ར་འབད་ནུག། འཛིང་སྡོད་པའི་བར་ན་ ཡུདཔ་ཅིག་ཁ་ལས་ གནས་རྟེན་འུ་སྡུག་སྟེ་དྲན་མེད་འགྱེལ་སྡོདཔ་ད་ སྣུམ་འཁོར་གཅིག་འོངས་ཏེ་ འདི་གིས་དོམ་འདྲོག་བྱེལ་འཐབ་བཅུག་སྟེ་བདའ་བཏང་ནུག། ཁོ་ཡི་གདོང་དང་གཟུགས་ཀྱི་པགས་ཀོ་དང་རྩ་ ཤ་ཚུ་ཧྲལ་ ཁྲག་ཐོན་ཏེ་འབད་རུང་ མོང་སྒར་སྨན་ཁང་ནང་བསྐྱལ་ཚུགསཔ་ལས་ འདི་ཁར་ཁོ་གཤག་བཅོས་རྐྱབ་ནུག། དོམ་གྱིས་གནོདཔ་སྦོམ་སྦེ་བཀལ་བའི་གྲལ་ལས་ སྦོམ་ཤོས་འདི་ར་ ཁོ་གི་མིག་གི་དབང་པོ་འདི་ཤོར་སོང་ནུག། གཤག་བཅོས་མཐར་ཕྱིནམ་སྦེ་འབད་ཚར་ཏེ་ ཁོ་དྲན་པ་ལོགཔ་ད་ གནམ་སྟོང་ནང་མེ་མེད་པར་གནག་དུང་དུ་ཡོདཔ་བཟུམ་ཚོར་ནུག། དེ་ལས་ དུས་ཚོད་ཧ་ལམ་འགྱོ་རུང་ཁོ་གི་མིག་ཏོ་ཡར་རྒྱས་འགྱོ་ནི་མེད་པར་ དྲུང་འཚོ་གིས་ཁོ་གི་དབང་པོ་གིས་ལཱ་འབད་མི་བཏུབ་ནི་ཨིན་པའི་སྐོར་ལས་ གནས་ཚུལ་དང་སེམས་གསོ་ཀྱི་བསླབ་བྱ་ལེ་ཤ་གནང་རུང་ མིག་ཏོ་གིས་མཐོང་ནི་མེདཔ་ལས་ སེམས་ལྷག་པར་འཁྲུལ་ ཉལ་ན་གཉིད་མེད་ ཟ་ན་བཅུད་མེད་ ཉིན་མཚན་མེད་པར་དུས་ཡུན་འདི་གནམ་མེད་ས་མེད་རིངམོ་སྦེ་མཐོང་སྟེ་ སྡུག་བསྔལ་དང་འཁྲུལ་སྣང་རྒྱ་མཚོའི་གི་ངང་དུ་ ཟླཝ་ ༦ ལྷག་ཙམ་སྡོད་ནུག། དེ་སྐབས་ཁོ་ལུ་སྙིང་སྟོབས་དང་བློ་སྤོབས་བཙུགས་གནང་མི་འདི་ ཡོངས་གྲགས་ལུ་མེ་མེ་བླ་མ་ཟེར་མི་བླམ་ཅིག་ཡོད་མི་འདི་ཨིན་མས། བླམ་གིས་ཁོ་ལུ་གསུངས་མི་ནང་ འདུས་བྱས་ཐམས་ཅད་མི་རྟག་པ་ཨིན་པའི་སྐོར་ལས་དང་ དབང་པོ་ཚང་རུང་ཤི་ནི་འདི་མེད་ཐབས་མེདཔ་ཨིན་པའི་སྐོར་བཤད་མི་འདི་གིས་ ཁོ་བློ་སྟོབས་ཨ་ཙི་བྱིན་ཏེ་ མ་ཎི་བགྱང་ནི་ལུ་སྤྲོ་བ་བསྐྱེད་བཅུགཔ་མ་གཏོགས་ གཞན་ཆ་རོགས་དང་སྤུན་ཆ་ དྲུང་འཚོ་ཚུ་གིས་གསུངས་མི་ཚུ་གིས་ ཁོ་གིས་སེམས་འདི་དེམ་ཅིག་ར་བཅོ་མ་ཚུགས་པས། སྨན་ཁང་ནང་ ང་བཅས་ཨ་ལུ་ཚུ་ལུ་ཕངས་ཏེ་དྲུང་འཚོ་དང་སྨན་གཡོགམོ་ཚུ་གིས་འཕྲལ་འཕྲལ་ ཇ་དང་ཇུསི་ ཁ་ཟས་ཀེརེག་ཇེཀ་ལ་ལོགས་པ་ཚུ་བྱིན་ནི་ཡོད་མི་འདི་ དུས་ད་རེས་ཡང་དྲན་ཚུགས་པས། དེ་བསྒང་ང་ར་ལོ་ན་ ༣ དང་ ༤ དེམ་ཅིག་སྡོད་ནུག། ལམ་སེལ་ལས་ཁུངས་ཀྱི་དྲུང་ཆེན་ ཕུན་ཚོགས་དབང་འདུས་ཡང་སྨན་ཁང་ནང་ཁོ་བལྟ་བར་བྱོན་ཏེ་ ག་དེ་སྦེ་ཡོད་ཟེར་དྲིས་བའི་ལན་ལུ་ གནས་རྟེན་གྱིས་ ཁོ་ཟ་ན་བཅུད་མེད་ ཉལ་ན་གཉིད་མེད་ ཤི་ན་བུང་གིས་ཆད་མ་བཏུབ་པར་ ལས་མྱོང་སྟེ་ཡོད་ཟེར་སྔུ་ཡི་ར་སླབ་ད་ དྲག་ཤོས་ཡང་རང་དབང་མེད་པར་ ཤུམས་དགོཔ་བྱུང་ནུག། དྲགོས་མཆོག་གིས་ ཁོ་གི་ཨ་ལུ་ཚུ་སྦོམ་མ་འགྱོ་ཚུན་ཚོད་གཞུང་གིས་གསོ་ནི་གི་ཁས་བླངས་འབད་ནུག།

ད་ལྟོ་ཚུན་ཚོད་འབྲུག་གཞུང་བཀའ་དྲི་ཆེཝ་ལས་ ཟླ་རིམ་དངུལ་ཕོགས་བྱིན་ ཨ་ལུ་ཚུ་ཡང་སྦོམ་ཐལ་ནུག། མ་གཞི་བསོད་ནམས་བསགསཔ་དང་མ་བསགས་ག་ཏེ་སྐྱེས་ནུག་ག་འདི་གིས་ར་ཧ་གོ་ཚུགས། སྐྱེས་བའི་མཐའ་མར་ དང་པ་ཨ་པ་གིས་ཆུང་ཀུའི་བསྒང་ར་བཀོ་བཞག།  དེ་ལས་དབང་པོ་ལུ་ཐོ་ཕོག་  བུམོ་སྦོམ་ཤོས་གསུམ་ཆ་ར་གོ་མ་ཆོད་ བུཚ་སྦོམ་ཤོས་ཁོ་རའི་ཁ་ཐུག་ལས་རྩ་འགེངས་རུང་མཐར་འཁྱོལ་མ་ཚུགས་པར་ ད་ལྟོ་ཁོ་རའི་ཆ་རོགས་ཚུ་དཔེ་ཆ་ལྷབ་ཚར་ཏེ་ གཡོག་འབད་བའི་སྐབས་ ཁོ་དཔེ་ཆ་ལྷབ་པའི་བསྒང་ཡོད་མི་དང་ ཁྱད་པར་དུ་སྡུག་བསྔལ་དང་སྐྱིད་སྡུག་སྦོམ་ མུན་པའི་སེམས་ནད་འདི་བཟོད་རང་མ་ཚུགས་པའི་སྡུག་བསྔལ་ཅིག་ཨིན་མས།

མ་གཞི་ཁོ་ལུ་རྐྱེན་ངན་འདི་བཟུམ་བྱུང་སྟེ་དབང་པོ་ལུ་ཐོ་ཕོག་རུང་ ཁོ་དམ་པའི་ཆོས་ཞུ་ བསྒྲུབ་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ རྐྱེན་ངན་གྲོགས་སུ་གྱུར་མི་འདི་ལུ་ སེམས་དགའ་ཡི་ཟེར་ཁོ་གིས་བཤད་ནི་འདུག། ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཨིན་ཟེར་དོ་བཟུམ་ ད་རེས་ནངས་པ་ཁོ་ལུ་སྡུག་བསྔལ་ཕོག་སྟེ་ཡོད་མི་འདི་ཡང་ ནག་གཞི་རླུང་ནད་དང་ གཟུགས་ན་ནི་ ཆབ་གསང་གི་ནད་ཀྱི་སྟབས་མ་བདེཝ་ཡོད་པའི་ཁར་ ཁོ་རའི་གཉེན་གྲོགས་ལྐོདམ་གི་ཀེན་སར་ཐོབ་མི་དང་ གཞན་སྡུག་བསྔལ་ཆུང་ཀུ་དང་ མུན་པའི་སྡུག་བསྔལ་ཆེན་པོ་གིས་ ཁོ་ཉལ་རུང་གཉིད་མེད་དང་ ཟ་རུང་བཅུག་མེད་པར་བཞགཔ་མས་ཟེར་ཁོ་གིས་ང་ལུ་བཤད་རུང་ ང་གིས་ཁོ་གིས་དུས་རྒྱུན་མ་ཎི་བགྱང་ མཐུན་བཏང་ ཕྱག་འཚལ་བསླབ་བྱ་དང་ལམ་སྟོན་བྱིན་ནི་ཡོད་མི་འདི་ ངེའི་མི་ཚེ་ནང་ ནམ་ཡང་བརྗེད་མ་ཚུགས་པའི་དཔྱེ་བལྟ་ས་དང་ སེམས་སྐུལ་འབད་སའི་ཡུལ་གཞི་ཅིག་ཨིན། ཨིན་རུང་རང་སོའི་མི་ཚེ་འདི་བློ་འགྱོད་རྩ་བ་ལས་མེད་མི་སྲིད་ནི་ཨིནམ་ལས་ ཁོ་ལུ་ཡང་བློ་འགྱོ་བཞི་ཡོད་མི་འདི་ཡང་ དང་པ་དབང་པོ་ལུ་སྐྱོན་ཞུགས་པའི་སྟབས་ཀྱིས་ཕམ་ལུ་དྲིན་ལན་འཇལ་མ་ཚུགས་པར་ཡོདཔ་དང་། གཞུང་ལུ་ཕྱག་ཕྱིད་ཞུ་མི་ཚུགས་པའི་ཁར་ གཉེན་གྲོགས་ལུ་མི་ཚེ་ཅིག་དགའ་སྐྱིད་ཀྱི་ངང་ལུ་བཞག་མ་ཚུགས་པར་ཡོད་མི་འདི་དང་  ཆོས་ཞུ་བའི་སྐབས་ཆོས་གནང་པ་རྩམ་གིས་མ་དོ་བར་ རྩ་བའི་བླམ་གི་བཞེས་སྒོ་ཚུ་བཟོ་སྦེ་ཁོ་ལུ་བྱིན་མིའི་ལཱ་བཀོལ་དགོཔ་འཐོན་མི་ཚུ་ཨིན་པས། ང་རང་གིས་དྲིན་ཆེན་ཡབ་ལུ་ག་དེ་སྦེ་ཕངས་ བཀའ་དྲིན་བསམ་སྟེ་འབད་རུང་ སྐབས་སྐབས་ང་རའི་ཉོན་མོངས་སྒྲིབ་ཀྱིས་ ཁ་སྲ་ཀྲག་སླབ་འགྱོ་མི་འདི་བློ་འགྱོད་སྐྱེད་དོ། ཨིན་རུང་ ཕམ་ཚེ་རང་ནི་དང་ནད་ཉུང་བའི་ཆེད་དུ་ དཀོན་མཆོག་ལུ་སྨོན་ལམ་ལེགས་ཤོམ་བཏབ་དོ་ཡོད་པའི་ཁར་ ང་རའི་དགེ་བ་སྣ་ཅིག་བསྒྲུབས་རུང་ ཕམ་དང་སེམས་ཅན་ཐམས་ཅད་ཀྱི་དོན་ལུ་བསྔོ་དོ་ཟེར་ཞུ་ནི་ཨིན། གནས་རྟེན་གྱི་དཔའ་མ་ཞུམ་པར་སྡུག་བསྔལ་དང་དུ་ལེན་ ངོས་ལེན་འབད་དེ་ སྡུག་བསྔལ་ཚུ་ལས་བྱོག་མ་འགྱོ་བར་ མི་ཚེ་གསོ་སྟེ་ སྡོད་ཚུགས་མི་འདི་རང་ ངེའི་དོན་ལུ་ཡོན་ཏན་སྦོམ་ཤོས་ཅིག་ཨིན།

འདི་བཟུམ་སྦེ་ཕོ་རྒྱ་བརྩོན་འགྲུས་ཅན་གྱི་རྒྱབ་ལས་ ཨམ་སྲུ་རིག་པའམ་ཤེས་རབ་ཅན་གྱི་ལགཔ།། ཟེར་སླབ་ནི་ཡོདཔ་བཟུམ་ངེའི་དྲིན་ཅན་ཨ་པ་ དགའ་དགའ་སྐྱིད་སྐྱིད་འབད་བཞག་ཚུགས་མི་འདི་ དྲིན་ཆེན་ཨིའི་ སྒྲོལ་མ་གིས་བཀའ་དྲིན་ལས་ཨིན། མ་གཞི་མིང་ཡང་སྒྲོལ་མ་ཟེར་ རྟེན་འབྲེལ་གནམ་མེད་ས་མེད་བཟང་ནུག། མོ་གིས་གནས་རྟེན་དབང་པོ་ལུ་ཐོ་ཕོག་རུང་ བཀོ་མ་བཞག་ སེམས་འཁྲུལ་སྣང་ལང་ སྡུག་བསྔལ་འདྲན་འདྲ་འབག་སྟེ་ ཨ་ལུ་ལྔ་ག་ར་ལེགས་ཤོམ་སྦེ་གསོ་མི་འདི་ དཔེ་བཟང་པོ་ཅིག་ཨིན། ཁོང་གཉེན་གྲོགས་གཉིས་ཀྱི་བར་ན་སྟབས་མ་བདེཝ་ག་དེམ་ཅིག་ཐོན་ཏེ་ ཁ་འཐབ་ཚིག་འཐབ་འབད་རུང་ ཁ་མ་བྲལ་བར་ལེགས་ཤོམ་འབད་སྡོད་མི་འདི་བྱང་ཆུབ་སེམས་དཔའི་བཟོད་པ་བཟུམ་ཨིན།

མོ་རང་ཁ་ཉུང་དྲག་ ངོ་ཚ་སྦོམ་ཡོད་མི་ཅིག་ཨིན་ཏེ་འབད་རུང་ ཁྱིམ་ཕྱི་ནང་གྱི་ལཱ་གཉིས་ཆ་ར་མོ་རང་གིས་འབད་དེ་ཨ་ལུ་ཚུ་ ལོ་ཆུང་ཀུའི་བསྒང་ལས་རང་ལེགས་ཤོམ་སྦེ་བདག་འཛིན་འཐབ་ གྱང་བ་ཆུ་ལུ་མ་བཏང་ ཚ་བ་མེ་ལུ་མ་བཏང་ ཡོན་ཏན་བྱིན་ མིའི་གྲལ་ཁར་བཙུགས་མི་འདི་ལཱ་བཟང་པོ་ཅིག་ཨིན། ངེའི་ཨའི་འདི་གིས་ད་ལྟོ་བར་ན་ཡང་མོ་རང་ཡོན་ཏན་མེད་རུང་ གཞན་ལས་གྲོགས་རམ་འཚོལ་ཏེ་ ང་དང་གཡུས་ཁར་ཏི་རུ་བསྐྱལ་ནི་དང་ ལཱ་གཞན་ཉོ་ཚོང་རྐྱབ་ནི་ ལོ་མཆོད་འགོ་འདྲེན་འཐབ་ནི་ ཡི་གུ་བསྐྱལ་ནི་ཚུ་འབད་ཚུགས་དོ་ཡོདཔ་ཨིན། མོ་རའི་ཨ་ལུ་ཚུ་གིས་རྐྱངམ་གཅིག་མ་དོ་བར་ ཚ་བོ་ཚམོ་ཚུ་ཡང་སྒལ་ཏོ་ཁར་འབག་ལྟོ་བྱིན་ གོ་ལ་བཀལ་ གཟུགས་དང་གྱོན་ཆས་ཚུ་འཁྱུ་ ཁྱིམ་ནང་ལྟོ་འབད་ ཉོ་ཚོང་རྐྱབ་ ཁྱིམ་ནང་གི་འཛིན་སྐྱོང་འཐབ་མི་ཚུ་བལྟ་རུང་ ཧ་ལས་ནིའི་གཞི་ཨིན། མ་གཞི་གཅིག་ལས་འབདན་ མེད་ཐབས་མེད་པའི་སྐབས་དང་ཡང་ཅིན་ མཁོ་ཆེ་བའི་དུས་ལུ་ གསར་གཏོད་ཀྱི་གནས་སྐབས་འབྱུང་འོང་ཟེར་ གྲུབ་མཐའ་མཁས་པ་པལེཊོ་(Plato) གིས་བཤད་ནུག།

ཚར་ཅིག་ མོ་ར་ན་སྟེ་མོང་སྒར་སྨན་ཁང་གི་དྲུང་འཚོ་གི་བཀོད་རྒྱ་དང་འཁྲིལ་ཏེ་ ཐིམ་ཕུག་འགྱོ་ནི་འབད་བའི་སྐབས་ མོ་ར་ཟས་འགྲོ་ལེ་ཤ་འབག་ནི་མེད་དེ་འབད་རུང་ ང་དགོཔ་འོང་མནོ་སྟེ་ ཏི་རུ་ ༥༠༠ ང་ལུ་སྤྲོད་མི་ལུ་ མི་དགོ་ཟེར་རུང་ ཨུ་ཚུགས་བསྐྱེད་དེ་བྱིན་མི་དང་ མོ་གིས་ང་བཅས་ག་ཏེ་ཕྱད་སར་ལགཔ་སྟོངམ་སྦེ་མ་བཏང་མི། ཁྱིམ་ནང་སྡོད་པའི་སྐབས་ཡང་ ཟ་འཐུང་དང་བསླབ་བྱ་ ཚིག་སྙན་པ་དང་ཉུང་བའི་སྒོ་ལས་སླབ་མི། མི་ཚེ་དང་དཀའ་སྡུག་ག་བཟུམ་མྱོང་རུང་ བྱོག་མ་འགྱོ་བར་ གདོང་ལེན་འབད་མི། དེ་བཟུམ་སྦེ་ཨ་ལུ་མང་བའི་རྐྱེན་གྱིས་ ཨ་ལུ་ཚུ་ཆུང་ཀུའི་བསྒང་མི་ཚུ་ལས་ཁ་བསྡུ་རུང་བྱམས་བརྩེ་དང་གསོ་ཐངས་འགྱུར་བ་མེད་མི་དང་ གཞན་ལུ་སེམས་ཁར་ཕོག་པའི་གཏམ་ཚུ་སླབ་ནི་མེད་མི། ཨ་ཙི་ཅིག་ན་ཡང་ཅིན་ འཕྲལ་འཕྲལ་ཤུགས་སྦེ་ན་རུང་ཕྱི་ཁར་མ་སྟོན་པར་གཡིག་བཞག་སྟེ་ ཕྱིའི་སྤྱོད་པ་ཨ་རྟག་ཧ་ལུ་སྦེ་སྡོད་མི་དང་ སྡོད་ནིའི་དཔའ་བཅམ་མི་འདི་ངལ་རངས་བསྐྱེད་ནི་དང་དཔེ་བལྟ་སའི་ཡུལ་འབད་རུང་བཏུབ་ནི་ཨིན།  

ད་མཇུག་ར་རྫོང་ཁའི་ལས་འགུལ་ ངེའི་མི་ཚེའི་ནང་དཔྱེ་བལྟ་སའི་ཡུལ་གྱི་སྐོར་ འབྲི་རྩོམ་སྲུང་བཟུམ་ཅིག་དང་ལོ་རྒྱུས་ཙམ་བཀོད་ཡོད་མི་འདི་དེམ་ཅིག་སྦེ་ མཇུག་བསྡུཝ་ཨིན། མ་གཞི་སྲུང་འདི་ཡི་གུ་ལག་ལེན་འཐབ་སྟེ་ བདེན་པའི་ཐོག་ལུ་བྲིས་ཡོད་རུང་ འདི་ནང་སྡེབ་མ་ཚང་ཚངམ་  ཡི་གུའི་སྦྱོར་བ་ལུ་ནོར་འཁྲུལ་ཞུགས་སྲིད་ནི་ཨིནམ་ལས་ འཛོལ་བའི་ཤུལ་ཡོད་པ་ཅིན་ ཐུགས་ཀྱིས་བཟོད་གསོལ་ཕུལ་ནི་དང་ སློབ་མཆོག་ཐུགས་འཚེར་བའི་གཞི་ལས་མེད་རུང་ དབྱེ་ཞིབ་མཐིལ་ཕྱིན་ཅིག་མཛད་གནང་ཐུབ་ཡོད་ན་ཤིན་ཏུ་ནས་བཀའ་དྲིན་ཆེ་ནི་མས་ཟེར་ཞུ་ནི་ཨིན། འདི་དང་གཅིག་ཁར་ རང་ལུ་ཕན་ཐོགས་ཆེ་བའི་ཕམ་ ངེའི་དོན་ལུ་དཔེ་བལྟ་ས་མེད་ཐབས་མེདཔ་ཅིག་ཨིནམ་ལས་ ངེའི་ཡབ་ཡུམ་གཉིས་ཀུ་ སྐུ་ཚེ་ཆུ་ལས་རིང་ ནད་ཉུང་ནི་དང་ཡང་ན་ནད་ཐོབ་སྟེ་འབད་རུང་ མྱུར་དུ་དྲག་ནི་དང་ མི་ཚེ་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་ལུ་ གནས་བཅུག་ཟེར་སྨོན་ལམ་བཏབ་ནི་དང་ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་བཅུག་མནོ་བའི་རེ་སྨོན་དང་བཅས་ ཕམ་གཉིས་ལུ་གུས་ཞབས་འབད་དེ་ དྲང་པོ་འབད་བརྩོན་གྱི་སྒོ་ལས་བྲིས་མི་འདི་ལས་བརྟེན་ དགེ་བའི་ཕན་ཡོན་ཡོད་ན་ འདི་གིས་བྱང་ཆུབ་ཀྱི་ལམ་བསྒྲུབ་པ་དང་ སངས་རྒྱས་ཀྱི་གོ་འཕང་འཐོབ་བཅུག་ཟེར་ ཕམ་གིས་གཙོས་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་ཆ་མཉམ་གྱི་དོན་ལུ་ བསྔོ་ནི་ཨིན་ལགས།